སྟག་རི་གཉན་གཟིགས།
༡༥༽ རྒྱལ་སྲས་ནར་སོན་ནས་རྒྱལ་ཁྲིར་ཕེབས་ཤིང༌། ཞང་ཞུང་ཚ་ལ་ཞེས་པའི་སྐུ་གཤེན་དང༌། མགར་ཁྲི་འབྲིང་དང་སྦས་སྣང་གཞིར་ལྷ་བཙན་བློན་ཆེན་ལ་བསྐོས། བཙུན་མོ་འབྲོ་བཟའ་མོ་དུང་ཡང་གཞེར་ལ་སྲས་འབྲོང་གཉན་ལྡེའུ་འཁྲུངས།
༡༦༽ འབྲོང་གཉན་ལྡེའུའི་སྐུ་རིང་ལ། སྐུ་གཤེན་ཕོན་པོ་མ་རུང་དང༌། བློན་པོ་སྙགས་ཐང་པ་ཡར་རྗེས་མཛད། དྭགས་པོ་ནས་མཆིམས་ཟ་ཀླུ་རྒྱལ་ཞེས་པའི་ཤིན་ཏུ་མཛེས་མ་ཞིག་ཡོད་པ་བཙུན་མོར་བཞེས།
༡༧༽ ཡུན་རིང་མ་སོང་བར། བཙུན་མོར་རྒྱལ་སྲས་ཤིག་འཁྲུངས་ནའང༌། སྲས་དེ་འཁྲུངས་དུས་ནས་དམུས་ལོང་ཞིག་ཡིན་སྟབས། རྒྱལ་པོས་རྒྱལ་སྲས་ཀྱི་སྤྱན་བཅོས་ཐབས་སྒོ་དུ་མ་ནས་མཛད་ཀྱང་ཕན་ནུས་ཅི་ཡང་མ་བྱུང༌།
༡༨༽ དེ་དང་ཆབས་ཅིག བཙུན་མོའི་སྐུའི་བཀྲག་མདངས་རིམ་པས་ཉམས་ནས་མཛེས་ཉམས་ཤོར་བ་ན། རྒྱལ་པོས་རྒྱུ་མཚན་དྲིས་པར། ང་རང་ཡུལ་ན་ཟ་མ་དམིགས་བསལ་ཞིག་ཡོད་པ་དེ་མེད་པས་ལན་པ་འདྲ། ཞེས་ཞུས།
༡༩༽ རྒྱལ་པོས་དེ་ཅི་ཡིན་དྲིས་ཀྱང་མ་བཤད་པས། འོ་ན་དེ་ལོངས་ཤོག་ཅེས་བཀའ་བསྩལ་པས། བཙུན་མོས་རང་གི་ཕ་ཡུལ་ནས་ཁྲིད་འོངས་པའི་གཡོག་མོ་ཞིག་ཕ་ཡུལ་དྭགས་པོ་སྦལ་གཟན་ལ་ཟ་མ་ལེན་དུ་མངགས་པ་རེད།